དམ་པའི་ལྷ་ཆོས།
སངས་རྒྱས་ཀྱི་ཆོས་ནི། འགྲོ་བ་རྣམས་ཀྱི་སྙིང་གི་དཀྱིལ་དུ་གདོད་ནས་གནས་པའི་བྱམས་བརྩེ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཡིན་ལུགས་སུ་གྲུབ་པའི་གནས་ལུགས་བདེན་པ་དེ་དག་ཤེས་པར་བྱེད་པའི་ལམ་ཡིག་ཅིག་ཡིན། དེ་ཕྱིར་སངས་རྒྱས་ཀྱི་ཆོས་ནི་གཡུལ་འཐབ་དང་དམར་མཆོད་སོགས་འཚེ་བའི་སྤྱོད་པ་ལས་ཡོངས་སུ་འདས་ཤིང་། རིགས་རུས་བཟང་ངན་དང་ཕོ་མཆོག་མོ་དམན་གྱི་ལྟ་བ་ལས་རྒྱབ་ཀྱིས་ཕྱོགས། ད་དུང་མཁྲེགས་འཛིན་གུ་དོག་གི་ལྟ་བ་ལས་བརྒལ་ཏེ། ནམ་མཁའ་དང་མཉམ་པའི་རིས་མེད་ཀྱི་ལྟ་བའི་གཟིགས་རྒྱང་བསྐྱེད། དེ་ཕྱིར་དམག་འཁྲུག་དང་འཕྲོག་བཅོམ་མང་བའི་འཇིག་རྟེན་འདིར། སངས་རྒྱས་ཀྱི་ཆོས་ནི་ཞི་བདེ་དང་དྲང་བདེན་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་ནི་མི་ཡི་ལོ་རྒྱུས་ལ་བལྟས་པ་ཙམ་གྱིས་གསལ་པོར་མཐོང་ཐུབ། དེ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་ཉིད་མདོར་བསྡུས་ནས་ཆོས་འཁོར་རིམ་པ་གསུམ་དུ་འདུས་ལ། ཆོས་ཀྱི་འཁོར་ལོ་དེ་དག་གི་དངོས་བསྟན་གྱི་བརྗོད་བྱའི་དོན་གྱི་ཟབ་འགྲེལ། ཚིག་འགྲེལ། མཆན་འགྲེལ་སོགས་གླེགས་བམ་གྱི་ཚོགས་ཁྲི་ཕྲག་དུ་མར་བཞུགས་པས་འདིར་ཞུ་རུ་མི་བཏུབ་པས། དེས་ན་དེ་དག་གིས་ཤུགས་ཀྱིས་འུ་ཅག་གི་ཉིན་རེའི་འཚོ་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་བདེ་ཅི་ཞིག་སྒྲུབ་ཡོད་པའི་ཚུལ་མདོར་ཙམ་ཞུས་ན།
དྲང་བདེན་གྱི་རྒྱབ་རྟེན་དུ་བཞེངས་པ།
བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནི། ཡུལ་ཝ་རཱ་ནཱ་སི་དྲང་སྲོང་ལྷུང་བའི་རི་དྭགས་ཚལ་དུ་འཁོར་ལྔ་སྡེ་བཟང་པོ་གཙོ་བོར་གཟུང་ནས་གསུངས་ཤིང་། ཆོས་ཀྱི་འཁོར་ལོ་དེའི་བརྗོད་བྱ་ནི། སྡུག་བསྔལ་ཤེས་པར་བྱ་བ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤང་བར་བྱ་བ། འབྲས་བུ་འགོག་བདེན་མངོན་དུ་བྱ་བ། ལམ་བདེན་ཉམས་སུ་ལེན་དགོས་པར་གསུངས། དེ་ཡང་དེ་ཡི་ཚེ་དེ་ཡི་དུས་ན་སངས་རྒྱས་ཀྱིས་ཡུལ་མི་རྣམས་ཀྱི་སྡུག་བསྔལ་དངོས་སུ་གཟིགས་ཤིང་། ལྷག་པར་དུ་བྲམ་ཟེ་རྣམས་ཀྱི་གནར་གཅོད་གཏོང་བ། མཐོན་པོ་རྣམས་ཀྱི་དབང་ཡོད་བཤད་པ་སོགས་དྲང་སྙོམས་མིན་པའི་སྤྱི་ཚོགས་ཀྱི་སྡུག་བསྔལ་དེ་དག་ཤེས་པར་བྱ་དགོས་པ་དང་། སྡུག་བསྔལ་དེ་དག་ཀྱང་སྤྱི་ཚོགས་རུལ་སུངས་ཤིག་ཁོ་ན་ལས་བྱུང་བ་མ་ཡིན་པར། རྒྱུ་ཀུན་འབྱུང་ནང་སེམས་ཀྱི་བསམ་པའི་འཁྱེར་སོ་ནོར་བ་ལས་བྱུང་བར་གསལ་བཤད་མཛད་ཅིང་། དེ་ལྟར་རྒྱུ་ཀུན་འབྱུང་དེ་ཉིད་སྤངས་ནས་དྲང་བདེན་དང་ལྷག་བསམ་གྱི་ལམ་ཉམས་སུ་བླངས་ཚེ། ད་གཟོད་འཇིག་རྟེན་འདི་དང་ཚེ་འདི་ལ་ཡང་འབྲས་བུ་དྲང་བདེན་རྣམ་པར་རྒྱལ་བའི་གོ་འཕངས་ཤིག་ཀྱང་ཐོབ་ངེས་པར་ཤུགས་བསྟན་མཛད་དེ། སངས་རྒྱས་ཀྱི་བཀའ་ཡི་ཐོག་མ་ཉིད་ནས་དྲང་བདེན་གྱི་རྒྱབ་རྟེན་ལ་བཞེངས་ཡོད།
གནས་ལུགས་ཀྱི་ཟབས་སུ་ཞུགས་པ།
བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། ཡུལ་བྱ་རྒོད་ཕུང་པོའི་རི་རྩེར་གསུངས། ཆོས་ཀྱི་འཁོར་ལོ་འདིས་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་དངོས་སུ་ཆོས་ཐམས་ཅད་བདག་དང་བདེན་པས་དབེན་པའི་གནས་ལུགས་ཟབ་མོ་སྟོང་པ་ཉིད་འབུར་འདོན་མཛད་དེ་གསུངས་ཡོད། ཤུགས་ཀྱིས་སྐབས་དེ་ཡི་ཚེ་དེ་ཡི་དུས་ན་སངས་རྒྱས་རང་ཉིད་ཡབ་ཡུལ་ཤཱཀྱ་དང་མ་ག་དྷ་རུ་དམག་འཁྲུག་འབྱུང་བཞིན་ཡོད་པ་མ་ཟད། རྒྱལ་པོའི་སྲས་ཀྱིས་རང་གི་ཕ་བཙོན་དུ་བཅུག་ནས་རྒྱལ་སྲིད་བཙན་འཕྲོག་བྱེད་བཞིན་པའི་སྐབས་ཡིན་པས། དེ་དང་དེ་དག་གིས་མཚོན་པའི་འཇིག་རྟེན་གྱི་ཁམས་འདིར་རྒྱལ་ཁམས་དང་རྒྱལ་ཁམས་འཁྲུག་པ། ཡུལ་ཁམས་དང་ཡུལ་ཁམས་ཕུངས་པ་ཐམས་ཅད་ཀྱི་རྩ་བ་ནི། བདག་བདག་ཏུ་འཛིན་པའི་ལོག་རྟོགས་ལས་བྱུང་བར་གཏན་ལ་ཕབས་ཏེ། འཇིག་རྟེན་འདིར་འཚེ་མེད་ཞི་བདེ་དགོས་པའི་གནས་ལུགས་མཐར་ཐུག་པ་དེ་བསྟན་ཙ་ན། དམག་ཁྲུག་དང་རྩོད་པ་མང་པོ་ཞིག་བཟློག་པའི་རྟེན་འབྲེལ་གྱིས། ད་ལྟ་ཡང་དམག་འཁྲུག་བྱད་ཀ་བཟློག་པར་ཤེས་རབ་སྙིང་པོ་ཁ་ཏོན་དུ་འདོན་པ་ལས་ལྷག་པ་མེད་པའི་གནད་དོན་ཡང་འདི་ཡིན།
འདྲ་མཉམ་གྱི་སྲོལ་གཏོད་མཛད་པ།
བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ནི། གཅོ་བོ་རྒྱལ་ས་ཡངས་པ་ཅན་དུ་གསུངས། ཆོས་ཀྱི་འཁོར་ལོ་འདི་ཡིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཡིན་པ་དང་། རང་རང་གིས་དྲན་ཤེས་བསྟེན་ཏེ་ལེགས་ཉེས་བླང་དོར་བྱས་ཚེ། སངས་རྒྱས་རང་ལག་ན་ཡོད་པར་གསལ་བཤད་མཛད། དེ་ཡང་ཤུགས་ལ་སྐབས་དེ་ཡི་ཚེ་དེ་ཡི་དུས་ན། སངས་རྒྱས་ཀྱིས་བཙུན་མའི་སྡེ་གསར་འཛུགས་ཞལ་བཞེས་གནང་ཞིང་། དེ་ཡང་སྐྱེས་པ་དང་བུད་མེད། ཕྱུག་བདག་དང་སྤྲང་པོ། བྲམ་ཟེ་དང་རྡོལ་པ། ཐ་ན་འབུ་སྦྲང་ཡན་ཆད་ཀྱང་ཚེ་སྲོག་ཡོད་པའི་ཆ་ནས་དེ་བཞིན་གཤེགས་པའི་རིགས་ཅན་ཡིན་པས་ཐམས་ཅད་ཀྱང་ཐོབ་ཐང་འདྲ་མཉམ་ཡིན་པར་རྩལ་འདོན་གནང་ཡོད། དེས་ན་འཇིག་རྟེན་འདིར་ཕོ་མོ་འདྲ་མཉམ་དང་མི་རིགས་འདྲ་མཉམ་གྱི་དམངས་གཙོ་ངོ་མ་དེ་ཆོས་ཀྱི་འཁོར་ལོ་འདི་ཉིད་བསྐོར་བའི་ཉིན་མོར་དབུ་བརྙེས་པ་ཡིན་ཞེས་བཤད་ཆོག