ENzhbo

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་
ནང་བསྟན་ཚོགས་པ།

Overview

སྟོན་མཆོག་ཐུབ་པའི་དབང་པོ།


སྟོན་མཆོག་ཐུབ་པའི་དབང་པོ་ནི། མི་ཡི་ནུས་པ་རྩལ་འདོན་བྱས་ཏེ་དཀོན་མཆོག་གི་བཀོད་པ་ལས་བརྒལ་བའི་རྒྱལ་སྲས་ཤིག་རེད། ཁོང་གི་མཛད་པ་ཆེན་པོ་བཅུ་གཉིས་དང་། དེ་བཞིན་དུ་གང་ལ་གང་འདུལ་གྱིས་གདུལ་བྱ་རེ་རེའི་ཁམས་དང་བསམ་པ། དབང་པོ་དང་འཚམས་པར་ཆོས་ཀྱི་སྦྱིན་པ་བྱིན་པའི་པའི་ཚུལ་འཇིག་རྟེན་ཀུན་གྱི་ཡིད་དབང་འཕྲོག་པའི་གཏམ་བརྒྱུད་ངོ་མཚར་ཅན། གླེགས་བམ་བརྒྱ་ཕྲག་ཙམ་ཡོད་པ་དེ་དག་འདིར་འགོད་ཐབས་བྲལ། དེས་ན་འདིར་སངས་རྒྱས་ངོ་སྤྲོད་ཀྱི་ཚུལ་དུ་སྐད་ཆ་ཉུང་ཉུང་ཞིག་ཞུས་ན།


དེ་ཡང་སངས་རྒྱས་ནི་ང་ཚོ་འགྲོ་བ་སྤྱི་ལ་དབང་བའི་སྐྱེས་ཆེན་ཞིག་རེད། ཁོང་གིས་འབད་པ་ཆེན་པོས་ཉོན་མོངས་པའི་དཔུང་ཆེན་དེ་དག་རེ་རེ་བཞིན་བཅོམ་ནས། མཐར་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྒྱུད་ལ་ལྡན་པར་མཛད་པ་ཡིན་ཏེ། དེ་ཡང་ཁོང་ལ་ཕྱི་ནང་གི་འགལ་རྐྱེན་ཛ་དྲག་པོ་ཅི་འདྲ་ཞིག་འཕྲད་ནའང་། སེམས་ཉོན་མོངས་ཀྱི་དབང་དུ་ཤོར་མ་མྱོང་ལ། ངག་ནས་ཚིག་ངན་རྩུབ་པོ་ལན་གཅིག་ཀྱང་གསུངས་མ་མྱོང་། ད་དུང་ཁོང་གིས་ཕྲ་མ་འཁོན་སེམས་ནི་དེ་བས་གནང་མ་མྱོང་། ཁོང་གི་མཛད་པ་ཡོད་དོ་ཅོག་ནི་བྱམས་བརྩེ་ཤེས་རབ་ཡ་མ་བྲལ་བ་ལ་གཞི་བཅོལ་ཏེ་ལག་ལེན་གནང་བ་འབའ་ཞིག་ཡིན། ཁོང་ནི་ང་ཚོ་འགྲོ་བ་མི་ཡོངས་ཀྱི་མིག་དཔེ་ཞིག་ཡིན་ཏེ།  དེ་ཡང་ཁོང་གིས་མ་རིག་ལྗན་ལྗིན་གྱི་སྣང་བ་ཐམས་ཅད་ཕར་ལ་བསལ་ཤུལ་ན། རང་རེའི་འགྲོ་བ་རྣམས་ཀྱི་གཞི་གཤིས་ཀྱི་མཛེས་སྡུག་མཐར་ཐུག་པ་འདི་ཡིན་ཞེས། བརྩེ་བ་དང་ཤེས་རབ་ཀྱི་རང་གཟུགས་ཅན་གྱི་མཚན་གཞི་ལ་བཞེངས་ཡོད། 



ཁོང་གིས་སྐུ་ཚེ་ཧྲིལ་པོ་བྱམས་བརྩེ་ཤེས་རབ་ཟུང་འབྲེལ་གྱི་ལམ་ནས་དྲན་ཤེས་དང་བག་ཡོད། དེ་བཞིན་དུ་བཟོད་པ་དང་བསམ་གཏན་གྱི་ཉམས་ལེན་རྒྱུད་ལ་སྦྱར་ཏེ། གོམ་པ་རེ་རེ་དང་སྐར་ཆ་རེ་རེ་ཡང་རྣམ་གཡེང་དང་བག་མེད་ཀྱི་དབང་དུ་གཏན་ནས་ཤོར་མ་མྱོང་། སྐྱེས་ཆེན་དེ་ཉིད་ཀྱི་བྱམས་བརྩེ་དང་ཤེས་རབ་ཡ་མ་བྲལ་བའི་བཟང་སྤྱོད་དེས། འགྲོ་བ་མི་རིགས་སྤྱི་ལ་ཤེས་རབ་ཀྱི་འོད་སྣང་དང་ཞི་བདེའི་ལེགས་སྐྱེས་ཆེན་པོ་ཞིག་འཛ་གླིང་འདིར་བཞག་ནས་ཕེབས་སོང་། ཁོང་གི་བཀའ་དྲིན་ང་ཚོ་འགྲོ་བ་ཡོངས་ནས་བསབ་ཏུ་མེད་པར་ལྷགས་ཡོད།


སྙན་ངག་པ་ཆེན་པོ་ཞིག་གིས་སངས་རྒྱས་ལ་འདི་ལྟར་བསྟོད།

མིའི་རིགས་ཀྱི་ལྗོན་པའི་མེ་ཏོག

འདི་ནི་ལོ་རབས་ཁྲི་ཁྲག་ལ་ལན་རེ་ཙམ་བཞད་པའི། མིའི་རིགས་ཀྱི་ལྗོན་པའི་སྟེང་གི་མེ་ཏོག་རྐང་གཅིག་གོ། །མེ་ཏོག་དེ་ཡི་འདབ་མ་གྲོལ་བ་ཙམ་གྱི་མོད་ཉིད་ལའང་། འཇིག་རྟེན་འདི་ན་ཤེས་རབ་ཀྱི་དྲི་བསུང་དང་། བྱམས་བརྩེའི་སྦྲང་རྩིའི་ཟེགས་མས་ཁྱབ་པར་མཛད་དོ།

-ཨི་ཌི་ཝིན་ཨ་ནོལ།

ཡི་ཤུ་བ་ཞིག་གིས་སངས་རྒྱས་ལ་འདི་ལྟར་བལྟ།


ཕྲན་གྱི་བསམ་ཚོད་ལ་ཤེས་རབ་དང་ཡོན་ཏན་གང་གི་ཆ་ནས་བལྟས་རུང་མ་ཤི་ཀ་ནི་ལོ་རྒྱུས་ནང་གི་རླབས་ཆེན་གྱི་སྐྱེས་བུ་འགའ་རེ་བཞིན་ཧ་ཅད་ཚད་མཐོ་ས་ཞིག་ལ་བསླེབས་ཐུབ་མེད། གནད་དོན་དེ་དག་གིས་རྐྱེན་པས་སངས་རྒྱས་ནི་ཁོང་གི་གོང་དུ་འཇོག་དགོས་པར་འདུག

-སྦེར་ཊར་ཌེ་ རཱ་སེལ། 

ཁ་ཆེ་བ་ཞིག་གིས་སངས་རྒྱས་ལ་འདི་ལྟར་བསྟོད།


མིའི་རིགས་ཀྱི་ནང་ནས་བཟང་ཤོས་དེ་མཇལ་འདོད་ན་སྤྲང་པོའི་ཆས་བཞེས་པའི་རྒྱལ་པོ་དེར་ལྟོས་ཤིག ཁོང་ནི་མིའི་ནང་ནས་དམ་པའི་རང་བཞིན་ཁྱད་དུ་འཕགས་པ་དེ་ཡིན།

-དུས་རབ་བདུན་པའི་ནང་གི་ཁ་ཆེའི་རྩོམ་པ་པོ་གྲགས་ཅན་ཞིག

ཧིན་དུ་བ་ཞིག་གིས་འདི་ལྟར་མཇལ།


འཐབ་འཁྲུག་དང་རྩོད་ལེན། སྡང་འཛིན་དང་འཚེ་བ་ཆེ་བའི་འཛམ་གླིང་འདིའི་ནང་སངས་རྒྱས་ཀྱི་བསླབ་བྱ་ནི་རྣམ་པར་བཀྲ་བའི་ཉི་མ་ལྟར་ འཆར་བཞིན་ཡོད། བཀའ་དེ་དག་གི་དགོས་མཁོ་དེང་གི་རྡུལ་ཕྲན་མཚོན་ཆའི་འཛམ་བུའི་གླིང་འདི་ལས་ལྷག་པར་བྱུང་མེད། འདས་ཟིན་ཟིན་པའི་མི་ལོ་ཉིས་སྟོང་ལྔ་བརྒྱ་དེས་བཀའ་དེ་དག་ལ་སྟོབས་ཤུགས་དང་དྲང་བདེན་གྱི་ངེས་ཤེས་འཕར་མ་ཞིག་བྱིན་ཡོད། ང་ཚོས་བཀའ་དེ་རང་གི་བློ་ངོར་བཅངས་ཏེ་དེ་དག་གཞིར་བཟུང་ནས་རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་ལག་ལེན་ཐད་འགྱུར་ལྡོག་གཏོང་དགོས། དེ་ལྟར་བྱུང་ཚེ་ རྡུལ་ཕྲན་གྱི་འཇིགས་སྐྲག་ལའང་སེམས་སྙོམས་པའི་སྒོ་ནས་གདོང་ལེན་བྱེད་ཐབས་ལ་བསམ་བློའི་འཁྱེར་སོ་དང་། ལག་བལྟར་བྱེད་ཕྱོགས་ཡང་དག་པ་ཞིག་གོང་འཕེལ་གཏོང་བར་ཕན་པ་མི་ཉུང་བ་ཞིག་སྒྲུབ་ཐུབ།

-རྒྱ་གར་སྲིད་བློན་དང་པོ་ནེཧ་རུ། 

གཞན་དང་གཞན་གྱིས་ཀྱང་འདིར་ལྟར་བསྟོད།


དཀྱེལ་ཡངས་པའི་ཚན་རིག་གི་བློ་རྒྱ་དང་། གཏིང་ཟབ་པའི་དྲོལ་ཁོལ་འཁྱིལ་བའི་བྱམས་བརྩེ་གཉིས་པོ་ཟུང་དུ་འབྲེལ་ནས་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཆེས་ངོ་མཚར་ཆེ་བའི་ཁྱད་ཡོན་ཡིན། དེ་རིང་གི་དུས་སུ་འཛམ་བུ་གླིང་པ་མང་པོ་ཞིག་སངས་རྒྱས་ཀྱི་ཕྱོགས་སུ་ཉེ་བར་བཅར་བཞིན་ཡོད། རྒྱུ་མཚན་ནི་སངས་རྒྱས་གཅིག་པུས་འགྲོ་བ་མིའི་རིགས་ཀྱི་ཤེས་རབ་མཐར་ཐུག་པ་དེ་མཚོན་གྱི་ཡོད་པས་ཡིན།

-མོ་ནི་བྷ་ཆི། 

བཟང་སྤྱོད་དང་ཕུལ་བྱུང་གི་ཤེས་རབ་ལྡན་པའི་སྐྱེ་བུ།


འཛམ་གླིང་འདིའི་ནང་ཁོང་གིས་རྟག་གནས་ཐུབ་པའི་རིན་ཐང་གི་བདེན་པ་ངོ་སྤྲོད་མཛད་ནས་རྒྱ་གར་ཙམ་མིན་པར་མིའི་རིགས་ཡོངས་ཀྱི་བཟང་སྤྱོད་གོང་སྤེལ་བཏང་གནང་ཡོད། སངས་རྒྱས་ནི་འཛམ་བུའི་གླིང་འདིར་ཐོབ་པའི་བཟང་སྤྱོད་དང་རིག་རྩལ་ལྡན་པའི་སྐྱེས་བུ་རྣམས་ཀྱི་ནང་ནས་རླབས་པོ་ཆེ་ཤོས་ཞིག་རེད།

-ཨེལ་བྷར་ཊེ་ཤུ་ཅཝཡི་ཛར། ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བ་གྲགས་ཅན་ཞིག 

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་གཤམ་དུ་གནང་རོགས།

Thank you! Your submission has been received!
Oops! Something went wrong while submitting the form.