དེ་ཡང་སྤྱི་ལོ་༢༠༢༢ ཟླ་བ ༡༡ པའི་ཚེས་ ༡༣ ཉིན། ཐའེ་སྡོད་བོད་རིགས་ཚོགས་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཐུན་མོང་གིས་གསོལ་བ་བཏབ་པ་བཞིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཙུན་མ་སོགས་དང་། ཐའེ་སྡོད་བོད་རིགས་མི་མང་བཅས་བརྒྱ་ཕྲག་གསུམ་ལ་ཉེ་བ་མཉམ་འཛོམས་ཀྱིས་མ་ཧཱ་གུ་རུའི་འབུམ་ཚོགས་ཐངས་གཉིས་པ་དེ་ཉིད་ཐའེ་པེ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་འཚོགས་གནང་མཛད་ཡོད།
དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ། དགེ་འདུན་པ་དང་མི་མང་ཡོངས་རྫོགས་འཚོགས་ཡུལ་དུ་འཛོམས་རྗེས་སེར་སྐྱ་མི་མང་རྣམ་པས་ཕེབས་གསུའི་སྣེ་ལེན་ཐོག་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཉིད་ཡུལ་ངོས་སུ་དངོས་སུ་ཞབས་སོར་འཁོད་ཅིང་། སྟོན་མཆོག་ཐུབ་པའི་དབང་པོ་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྤྱན་སྔར་མཇལ་དར་དང་སྣང་གསལ་མར་མེའི་ཞལ་འབྱེད་གནང་རྗེས། འདུས་ཚོགས་ཐུན་མོང་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་འབུམ་ཚོགས་ཀྱི་ཆོ་ག་དངོས་སུ་དབུ་འཛུགས་ཞུས་པར་མ་ཟད། ༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་སློབ་གལ་ཆེན་གནང་།
དེ་ཡང་༧འབྲི་གུང་སྐྱབས་མགོན་མཆོག་གིས་གསུང་དོན། རང་ཉིད་ནམ་རྒྱུན་ཐའེ་ཝན་དུ་ཕེབས་ཀྱི་ཡོད་ན་ཡང་། ད་ཐེངས་འདི་བཞིན་བོད་པ་རང་གི་འདུ་འཛོམས་ཀྱི་ཐོག་ཏུ་མཉམ་ཞུགས་གནང་ཐུབ་པར་དམིགས་བསལ་ཐུགས་ཚོར་དང་དགའ་སྤྲོ་ཤུགས་ཆེན་པོ་བྱུང་། ཞེས་གསུངས་པར་མ་ཟད། ཡང་༧སྐྱབས་མགོན་མཆོག་གིས།
ད་ལྟའི་ཆར་ས་ཆ་གང་དུ་ཡིན་ཡང་། བོད་པ་འདི་གྲངས་ཉུང་མི་རིགས་ལྟ་བུ་ཆགས་ཡོད་ན་ཡང་། དོན་ལ་མི་རིགས་ཤིག་གི་སྲོག་རྩ་ནི་རིག་གཞུང་ཡིན་པ་དང་། རིག་གཞུང་གི་རྩ་བ་སྐད་ཡིག་ཡིན་པ། ནང་པའི་གཞུང་ལུགས་ཚང་མ་བོད་ཡིག་གི་ནང་དུ་ཡོད་པ་ལྟ་བུ་གཞན་ལ་མེད་པས་གལ་ཆེན་ཡིན་ཚུལ་དང་། ཁྱད་པར་ཕྱི་ལོགས་སུ་ཡོད་པའི་བོད་པ་དག་གིས་སོ་སོའི་ཕྲུ་གུ་དག་ལ་བོད་ཀྱི་སྐད་ཡིག་སྦྱོང་ས་དེ་གཙོ་བོ་ཕ་མ་ཚོས་རང་གི་ཕྲུ་གུར་ནང་ནས་བོད་སྐད་བོད་ཡིག །དེ་བཞིན་ཕྱག་དང་མཆོད་པ་འབུལ་སྟངས། གྱོན་པ་ཚུལ་བཞིན་གྱོན་སྟངས། ཞེ་ས་དང་གུས་ཞབས་ཀྱི་འགྲོ་སྟངས་ཚུན་ཆད་གང་ནུས་སློབ་དགོས་པ་དང་། དེ་དག་གི་ནང་ནས་གཙོ་བོ་སྐད་ཡིག་ཡག་པོ་བསླབ་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་གནང་ཡོད།
ཡང་གསུངས་དོན། ཕྱི་རྒྱལ་པ་དག་གིས་ཕྲུ་གུ་ལོ་ལྔ་དྲུག་ཅན་དེ་འདྲ་ཕྱི་ལོགས་སུ་ནང་མི་དང་མཉམ་དུ་གླིང་ཀ་གཏོང་བ་སོགས་ཀྱི་སྐབས་བཟའ་བཏུང་གྱོན་པ་སོགས་ཕྲན་ཚེགས་དག་ཕྲུ་གུ་རང་གིས་ཁུར་གྱི་ཡོད་ན་ཡང་། བོད་པའི་ཕྲུ་གུ་དག་མང་ཆེ་བ་ཕ་མས་ཁུར་ནས་ལས་ཀ་མི་སྐུལ་བར་ཕ་མ་རང་གིས་ལས་ཀ་ཡོད་ཚད་བྱས་འགྲོ་བའི་གོམས་གཤིས་དེ་འདྲ་འདུག །དེའང་སྤྱིར་བཏང་ཕྲུ་གུར་བྱམས་པོ་བྱས་པ་ཡིན་པའི་ཁུར་རེད་དེ། ཕྲུ་གུ་མཚར་ལོངས་ཡོང་བར་ཕ་མས་ཕྲུ་གུ་མང་ཙམ་མཉམ་ཞུགས་དང་རང་མགོ་ཐོན་པ་ཡོང་ཐབས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ཡང་བོད་པ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གལ་ཆེན་ཡིན་པ་སོགས་ཀྱི་ཐད་ལ་བཀའ་སློབ་ཟབ་རྒྱས་གནང་།
དེ་ནས་གོ་སྒྲིག་པའི་ངོས་ནས་དེར་ཡོད་རིགས་གཞོན་སྐྱེས་ཕྲུ་གུ་ལོ་བཅུ་དྲུག་མན་ཆད་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དག་ལ་རང་གི་ཆོས་དང་རིག་གཞུང་དང་འབྲེལ་བའི་བྱེད་སྒོར་མཉམ་ཞུགས་ཀྱི་མྱོང་ཚོར་དང་བག་ཆགས་གང་ལེགས་འཇོག་པའི་ཆེད་དུ། ཀ་ཁ་འབྲི་ཀློག་དང་། བོད་ཆས་ཚད་ལྡན་གྱོན་མཁན། དེ་བཞིན་སྲོལ་རྒྱུན་ཐག་འཐེན་རྩེད་མོ་བཅས་ལ་མཉམ་ཞུགས་ཀྱི་བྱེད་སྒོ་སྤེལ་ཞིང་། བོད་ཆས་སྤུས་ལེགས་གྱོན་མཁན་དག་ལ་ཐའེ་ཝན་སྒོར་མོ་ཉིས་སྟོང་གི་དམིགས་བསལ་ལག་རྟགས་སོགས་ཀྱིས་མཚོན་པའི་ཨང་རིམ་ལ་ལྟོས་པའི་དཔའ་དར་དང་། ཐུན་མོང་ལ་ལག་རྟགས་ཀྱི་བརྔན་པ་སྤྲོད་པ་སོགས་བྱས་ཡོད། ཚོགས་པ་འདི་ནི་ཐའེ་ཝན་གྱི་རྒྱ་རིགས་སོགས་གཙོ་བོར་བྱས་པ་ཞིག་མིན་པར། བོད་པ་རང་གི་མི་མང་དང་རྒན་དར་གཞོན་གསུམ་མཉམ་དུ་འཛོམས་ནས་ནང་ཁུལ་ཆོས་དང་རིག་གཞུང་གི་འཚོ་བར་ལོངས་སུ་སྤྱོད་པའི་དུས་སྟོན་ལྟ་བུ་ཞིག་གི་ངོ་བོར་གོ་སྒྲིག་ཞུས་པ་ཞིག་རེད།
དེ་ནས་ཕྱི་དྲོ་མུ་མཐུད། ༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྟན་པ་དང་། བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བ། ནད་ཡམས་དང་དམག་འཁྲུགས་སོགས་ཀྱི་གནོད་འཚེ་སེལ་བ་བཅས་ཀྱི་ཆེད་དུ་གུ་རུའི་ཚོགས་འབུམ་གྱི་ཆོ་ག་ཚད་འགྲོ་གནད་སྨིན་བཅས་ཀྱིས་ཡོངས་སུ་མཇུག་དྲིལ་ཡོད།
དེ་ཡང་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་པའི་ཐའེ་བཞུགས་དགེ་འདུན་པ་རྣམ་པ་དང་། ཁྱད་པར་ཐའེ་སྡོད་བོད་རིགས་ཐུན་མོངས་ནས་མཐུན་ལམ་ཧ་ཅང་ཆེན་པོས་བཀའ་དབང་ནས་ཚོགས་འབུམ་བར་གྱི་ལས་དོན་ཆེ་ཕྲ་མཐའ་དག་ལ་དགའ་གུས་ཆེན་པོས་མཉམ་ཞུགས་བྱས་པའི་མཐུན་ལམ་དང་ལས་དོན་བྱེད་ཕྱོགས་གང་ཅིར་ཚང་མས་སྔགས་བརྗོད་ཆེན་པོ་ཐོབ་ཡོད་འདུག་ལ། སྐུ་ཚབ་དོན་གཅོད་སྐུ་ངོ་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་ཀྱང་མཉམ་ཞུགས་གནང་ཡོད།
གུ་རུའི་འབུམ་ཚོགས་དང་འབྲེལ་ནས་གུ་རུའི་བཀའ་དབང་ཐོབ་མ་མྱོང་བ་སོགས་ལ་གཙོ་བོར་དམིགས་ནས་སྤྱི་ཟླ་༡༡ ཚེས་ ༦ ཉིན་ཆེད་དུ་བོད་རིག་མཐུན་ཚོགས་དང་ཞིབ་འཇུག་ཚོགས་པ་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་དེ་༧འབྲི་གུང་སྐྱབས་མགོན་མཆོག་གིས་པད་གླིང་གུ་རུ་ཞི་བའི་བཀའ་དབང་བསྩལ་གནང་མཛད་པ་དང་། དེར་ཡང་བོད་པ་དང་ཐའེ་ཝན་མི་མང་སྟོང་ཕྲག་ལྷག་ཙམ་མཉམ་ཞུགས་གནང་ཡོད།