དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་གནང་ནས་ལོ་རེ་བཞིན་འཚོགས་བཞིན་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དྲུག་པ་དེ་སྤྱི་ལོ་༢༠༡༦ ཟླ་༣ ཚེས་༣༠ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས། ཐེངས་འདིའི་བགྲོ་གླེང་བརྗོད་གཞི་ནི་ནང་ཆོས་ཀྱི་སྤྱིར་བཏང་གི་ལྟ་གྲུབ་དང་། སྤྱི་ཚོགས་ཀྱི་བརྗོད་གཞི་གཞན་དག་མ་བདམས་པར། ཐའེ་ཝན་གནས་བཞུགས་དགེ་འདུན་པ་དག་གི་ངོས་ནས་ད་ལྟའི་ཐའེ་ཝན་གྱི་རང་རེ་བོད་བརྒྱུད་ནང་བསྟན་གྱི་གནས་བབ་དང་། དེའི་ཤུགས་རྐྱེན། གདོང་གཏད་དགོས་པའི་དཀའ་ངལ་སོགས་གང་ཡོད་ལ་བགྲོ་གླེང་བྱེད་པ་གལ་ཆེན་དུ་གཟིགས་ནས། ༼ཕྱོགས་ཡོངས་ཀྱི་དགོངས་འཆར་བསྡུ་ལེན་༽ཞེས་པའི་མགོ་བརྗོད་འོག ནང་གསེས་བརྗོད་གཞི་དོན་ཚན་ལྔར་ཕྱེས་པ་ལས། དང་པོ། སྐུ་ཉིད་ཀྱིས་མཐོང་ཐོས་བྱུང་བའི་ཐའེ་ཝན་མི་མང་གིས་བོད་བརྒྱུད་ནང་བསྟན་དང་བླ་གྲྭ་དག་ལ་འཛིན་པའི་ལྟ་ཚུལ། གཉིས། སྐུ་ཉིད་ཐའེ་ཝན་ལ་ཕེབས་ནས་ས་ཆ་འདིའི་སྤྱི་ཚོགས་དང་ཁོར་ཡུག་ལ་རྒྱུས་ལོན་མཛད་པའི་གྲུབ་དོན་གང་ཡོད།. གསུམ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། ང་ཚོ་བོད་པའི་བླ་གྲྭ་ཚོས་རྒྱུན་དུ་ཐུགས་སྣང་མཛད་དེ་ལེགས་བཅོས་བྱེད་དགོས་ངེས་དང་བྱེད་ཐུབ་པ་ཅི་ཞིག་འདུག. བཞི། ང་ཚོ་བོད་བརྒྱུད་ནང་བསྟན་པའི་བླ་གྲྭ་ཚོས་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་དང་དགེ་འདུན་པ་ཚོར་འབྲེལ་ལམ་ཇི་ལྟར་གནང་དགོས།. ལྔ། སྐུ་ཉིད་ཀྱི་དགོངས་པ་ལྟར་ན། ང་ཚོ་ཞིབ་འཇུག་ཚོགས་པའི་ངོས་ནས་དེ་སྔོན་འཐུས་ཤོར་སོང་བ་དང་། མ་འོངས་ཡར་རྒྱས་གཏོང་དགོས་རིགས་གལ་ཆེ་བ་གང་འདུག. ཅེས་ཏེ། གོང་གསལ་དོན་ཚན་ལྔའི་ཐོག་ལ་བགྲོ་གླེང་དང་བསམ་ཚུལ་སྤེལ་རེས་གནང་།
More
Overview